༠༡་དཔེ་སྣ་ཚོགས་བསྟན་པའི་ལེའུ། འདི་སྐད་བདག་གིས་ཐོས་པ། དུས་གཅིག་ན། བཅོམ་ལྡན་འདས་ཡུལ་མ་ག་དའི་དཀྱིལ་འཁོར་རྣམ་པར་རྒྱལ་བ་ན་བཞུགས་ཏེ། མངོན་པར་རྫོགས་པར་སངས་རྒྱས་ནས། རིང་པོ་མ་ལོན་པ་ཞིག་ན་འདི་སྙམ་དུ་དགོངས་པར་གྱུར་ཏོ།། ་སེམས་ཅན་འདི་དག་ནི་ཡུན་རིང་པོ་ནས་ཕྱིན་ཅི་ལོག་གིས་ཡོངས་སུ་བསླད་དེ། བསྟན་ཅིང་བཅོས་སུ་ཡང་ཤིན་དུ་དཀའ་བས། ཇི་སྲིད་དུ་འཇིག་རྟེན་ན་བཞུགས་ཀྱང། ཕན་པའི་དོན་མེད་ཀྱིས། ཅི་ནས་ལྷག་མ་མ་ལུས་པའི་མྱ་ངན་ལས་འདའ་བས་ཡོངས་སུ་མྱ་ངན་ལས་འདའོ་སྙམ་དུ་དགོངས་མ་ཐག་ཏུ། དེའི་ཚེ་ན་ཚངས་རིས་ཀྱི་ལྷ་རྣམས་ཀྱིས་བཅོམ་ལྡན་འདས་ཀྱིས་དགོངས་པ་ཤེས་ཤིང་རྟོགས་ནས། ནམ་མཁའ་ལས་བབས་ཏེ། བཅོམ་ལྡན་འདས་གང་ན་བ་དེར་ལྷགས་ནས། དེར་ཕྱིན་པ་དང། ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཐལ་མོ་སྦྱར་ནས། བཅོམ་ལྡན་འདས་ལ་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་ཞིང། བསྐུལ་བ་དང། དེ་ལ་བཅོམ་ལྡན་འདས་ཀྱིས་འདི་སྐད་ཅེས་བཀའ་སྩལ་ཏོ།། ཚངས་རིས་ཀྱི་ལྷ་དག། ་སེམས་ཅན་འདི་དག་ནི་ཉེས་པའི་དྲི་མས་ཡོངས་སུ་གླགས་ཏེ། འཇིག་རྟེན་གྱི་བདེ་བ་ལ་ཆགས་ནས། ཤེས་རབ་དང་ལྡན་པའི་སེམས་མེད་པས། ཇི་སྲིད་དུ་འཇིག་རྟེན་ན་བཞུགས་ཀྱང། བྱ་བ་དོན་མེད་པར་འགྱུར་ཏེ། མྱ་ངན་ལས་འདས་ན། བདེའོ་ ། སྙམ་དུ་དགོངས་སོ།། དེ་ནས་ཚངས་རིས་ཀྱི་ལྷ་རྣམས་ཀྱིས་ཡང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས། ཆོས་ཀྱི་རྒྱ་མཚོ་ཡོངས་སུ་གང་བ། ཆོས་ཀྱི་རྒྱལ་མཚན་བཙུགས་པ། བསྟན་ཅིང་འདུལ་བའི་དུས་ལ་ཡང་བབ། སེམས་ཅན་འདི་དག་ལས་གྲོལ་བར་འགྱུར་བ་ཡང་ཤིན་དུ་མང་ན། ཅིའི་སླད་དུ་བཅོམ་ལྡན་འདས་མྱ་ངན་ལས་འདའ་བར་དགོངས་ཏེ། ཤིན་དུ་མདོངས་པར་གྱུར་པ་འདི་དག་གི་མགོན་དང་སྐྱབས་མི་མཛད། ་བཅོམ་ལྡན་འདས། སྔོན་བསྐལ་པ་གྲངས་མ་མཆིས་པ་འདས་༡༣༢ཨ་པའི་ཕ་རོལ་ན་འཛམ་བུ་གླིང་འདིར་རྒྱལ་པོ་ཆེན་པོ་ག་ན་ཤ་ནི་པ་ལི་ཞེས་བགྱི་བ་ཞིག་རྒྱལ་ཕྲན་མང་པོ་ལ་དབང་བགྱིད་དེ། གྲོང་ཁྱེར་ནི་བརྒྱད་ཁྲི་བཞི་སྟོང་སྙེད་མངའ་བ། བཙུན་མོ་དང་ཕོ་བྲང་སླས་ནི་སྟོང་ཕྲག་ཉི་ཤུ་མངའ་སྟེ། བློན་པོ་ཆེན་པོ་ཡང་སྟོང་ཕྲག་བཅུ་སྙེད་དོ།། རྒྱལ་པོ་དེ་ཤིན་དུ་སྙིང་རྗེ་དང་ལྡན་པས། མི་ལ་སོགས་པ་སྐྱེ་བོ་མང་པོའི་ཕ་མ་ལྟ་བུར་གྱུར་ཏོ།། དེའི་ཚེ་ན་རྒྱལ་པོ་དེས་འདི་སྙམ་དུ་བསམས་སོ།། ་བདག་ཀྱང་འགྲོ་བ་མང་པོ་ཀུན་གྱི་གཙོ་བོར་གྱུར་ལ། སྐྱེ་བོ་མང་པོ་འདི་དག་ཀྱང་བདག་ལ་མོས་ཤིང་དགའ་བས། བདག་གིས་དམ་པའི་ཆོས་ཀྱི་ནོར་བུ་རིན་པོ་ཆེས་ཐམས་ཅད་ལ་ཕན་འདོགས་སོ་སྙམ་བསམས་ནས། བློན་པོ་གཅིག་གིས་ཐམས་ཅད་དུ་བཀའ་བཏགས་ཏེ། སུ་ལ་དམ་པའི་ཆོས་མཆིས་པ་བསྟན་པར་གྱུར་ན། ཅི་དང་ཅི་འདོད་པ་ཡིད་བཞིན་དུ་སྦྱིན་ནོ་ཞེས་བསྒོ་བ་དང། དེའི་ཚེ་ན་བྲམ་ཟེ་ལེའུ་དུ་ཆ་ཞེས་བགྱི་བ་ཞིག་ཕོ་བྲང་གི་སྒོར་མཆིས་ཏེ། བདག་ལ་དམ་པའི་ཆོས་ཡོད་དོ་ཞེས་སྨྲས་སོ།། རྒྱལ་པོས་དེ་སྐད་ཅེས་སྨྲས་པ་ཐོས་ནས། ཕྱི་རོལ་དུ་བསུ་སྟེ། ཕྱག་བྱས་ནས། སྟན་བཏིང་བ་ལ་བཞག་གོ། བྲམ་ཟེ་དེ་སྟན་བཏིང་བ་ལ་འདུག་ནས། རྒྱལ་པོ་འཁོར་དང་བཅས་པས་ཐལ་མོ་སྦྱར་ནས། སྟོན་པ་ཆེན་པོ། གཏི་མུག་གིས་མདོངས་པར་གྱུར་པ་ལ་དམ་པའི་ཆོས་དབྱེ་ཞིང་བསྟན་པའི་དུས་ལ་བབ་བོ་ཞེས་བསྐུལ་བ་དང། བྲམ་ཟེ་དེས་རྒྱལ་པོ་དེ་ལ་འདི་སྐད་ཅེས་སྨྲས་སོ།། བདག་གིས་ཤེས་པ་འདི་ཉིད་གྱི་འདའ་ཙམ་གྱིས་ལོབས་པ་མ་ཡིན་བས། ཐོས་པར་འདོད་ན། འདི་ཙམ་གྱིས་ཆོག་པ་མ་ཡིན་ནོ།། རྒྱལ་པོས་སྨྲས་པ། ཅི་དང་ཅི་འདོད་པ་སྨྲོས་ཤིག་དང། ཐམས་ཅད་ཡིད་བཞིན་དུ་སྦྱིན་ནོ་ཞེས་སྨྲས་པ་དང། བྲམ་ཟེ་དེས་རྒྱལ་པོ་ལ་འདི་སྐད་ཅེས་སྨྲས་སོ།། རྒྱལ་པོ་ཆེན་པོ། ཁྱོད་ཀྱི་ལུས་ལ་མར་མེ་སྟོང་བཙུགས་ཏེ། མཆོད་པ་བྱེད་ནུས་ན། ཆོས་བསྟན་པར་བྱའོ་ཞེས་སྨྲས་པ་དང། རྒྱལ་པོ་དེ་ལྷག་པར་དགའ་མགུ་རངས་ནས། དེའི་ཚེ་ཕོ་ཉ་གཅིག་བན་གླང་རྒྱང་གྲགས་བརྒྱད་སྟོང་དུ་འགྲོ་བ་གཅིག་ལ་བསྐྱོན་ཏེ། འཛམ་བུ་གླིང་ཐམས་ཅད་དུ་འདི་སྐད་ཅེས་བསྒོའོ